“ཁྲིམས་ནི་རྒྱལ་པོའི་གོ་མཚོན་ཡིན།”
བི་ཤོབ*Garland F. Byers, Jr., J.D., D.D.‡
མི་རིགས་ཀུན་གྱི་བི་ཤོབ། སྐུ་ཚབ་པའི་བཀའ་འགན་འོག
བདུད་སཱ་ཏན་ནི་འཇིག་རྟེན་འདིའི་རྒྱལ་པོ་དང་ལྷ་ཡིན་པར་བཀོད་ཡོད།1 བདུད་སཱ་ཏན་གྱིས་ཡེ་ཤུས་ཁོ་ལ་ཕྱག་འཚལ་ཙམ་བྱས་ན་ས་གཞིའི་རྒྱལ་ཁབ་རྣམས་ཀྱི་དབང་ཆ་ཁོང་ལ་སྤྲོད་རྒྱུ་ཡིན་ཞེས་བཤད་དེ་ཁོང་ལ་ཉམས་ཚོད་བྱས།2 གཙོ་བོས་ཁོང་གི་དྲང་བདེན་གྱི་སྒོ་ནས་ངེས་པར་དུ་དེ་ཞལ་གྱིས་མ་བཞེས་མོད། འོན་ཀྱང་བདུད་སཱ་ཏན་ལ་ཁས་བླངས་པ་དེ་ཉིད་ཁོང་ལ་སྤྲོད་པའི་ནུས་པ་ཡོད་པར་ཁོང་གིས་རྩོད་པ་མ་མཛད།3 དེའི་ཕྱིར། བདུད་སཱ་ཏན་ལ་དཀོན་མཆོག་གིས་ཆོག་མཆན་དང་གནང་བ་སྤྲད་པའི་ཚད་ཙམ་ལས་མ་འདས་པའི་ཐུགས་ཉིད་ཀྱི་ནུས་པ་དང་དབང་ཆ་ཡོད་པར་མ་ཟད།4 བློ་སེམས་རུལ་བ་དང་སེམས་ངན་པ། དབང་ཆར་འདོད་ཆགས་ཡོད་པའི་ཁོ་ཡི་རྗེས་འབྲང་མཁན་བརྒྱུད་ནས་དངོས་པོའི་འཇིག་རྟེན་ནང་དུའང་ནུས་པ་དང་དབང་ཆ་ཡོད།5 དམྱལ་བའི་མི་ཡི་ལས་བྱེད་པ་དེ་དག་གིས་ཁྲིམས་ནི་ཆོས་ཚོགས་དང་དད་ལྡན་རྣམས་ལ་གོ་མཚོན་དུ་བཀོལ་ཏེ། ལེགས་པའི་ཆེད་དུ་དམིགས་པའི་དོན་དེ་ངན་པའི་ལག་ཆར་བསྒྱུར་བར་བྱེད།6 ལས་གཞི་འདིས་དེ་ལྟ་བུ་སྔོན་ཆད་བྱུང་བ་དང་། ད་ལྟ་འབྱུང་བཞིན་པ། ཡང་ན་མ་འོངས་པ་ཉེ་མར་འབྱུང་ལ་ཉེ་བའི་དཔེ་རྣམས་ངོས་འཛིན་བྱེད། ཁྲིམས་བརྒྱུད་ནས་བདུད་ཀྱིས་མེ་མདའ་ནས་མདེའུ་གཅིག་ཀྱང་མ་འཕངས་པར་མི་རིགས་ཡོངས་བྲན་གཡོག་ཏུ་བསྒྱུར་ཐུབ།7 དངོས་གནས། དུས་མཐའ་མར་འཇིག་རྟེན་ཡོངས་བྲན་གཡོག་ཏུ་འགྱུར་བའི་ལུང་བསྟན་ཡོད།8 དེ་ལྟ་བུའི་སྐབས་སུ་དངོས་པོའི་འཇིག་རྟེན་ནང་དུ་དམག་འཁྲུག་མི་དགོས་ཏེ། དམག་འཁྲུག་དེ་ཐུགས་ཉིད་ཀྱི་ཁམས་སུ་སྔར་ནས་བྱུང་ཟིན་པས་དངོས་པོའི་ཁམས་སུ (ས་གཞི) སྨྱུ་གུས་ཁྲིམས་ཤིག་ལ་མིང་རྟགས་བཀོད་པས་ཙམ་གྱིས་མངོན་པར་འགྱུར།9 འཇིག་རྟེན་པའི་ཁྲིམས་ཤིག་གཏན་ལ་ཕབ་ཟིན་ན། ཁྲིམས་དེས་མཱ་ཤི་ཀ་ལ་ཕྱག་འཚལ་བ་དང་། མཱ་ཤི་ཀའི་མཚན་ལ་བརྟེན་ནས་མི་རྣམས་ལྷན་འཛོམས་བྱེད་པ། ཡང་ན་དཀོན་མཆོག་གིས་གནང་བའི་བཙན་དབང་ལ་ཁ་གཏད་དུ་རང་སྲུང་བྱེད་པའི་ཐོབ་ཐང་བརྒྱུད་ནས་མི་རྣམས་རང་དབང་ལྡན་པར་གནས་ཐུབ་པའི་ཐབས་ལམ་བཀག་སྡོམ་བྱེད་པ་གང་ཡིན་རུང་།10 ངོ་མཚར་ཆེ་བའི་དོན་ཞིག་མ་བྱུང་ན་ཁྲིམས་དེ་བསྒྱུར་བར་ཤིན་ཏུ་དཀའ།11 དེའི་ཕྱིར་གསོལ་བ་འདེབས་པ་དང་། ཆོས་ཚོགས་སུ་འཛོམས་པ། དཀོན་མཆོག་ལ་ཞབས་ཏོག་སྒྲུབ་པ་རྣམས་ཤིན་ཏུ་གལ་ཆེ།12
མཇུག་མཆན
1“འཇིག་རྟེན་འདིའི་ལྷ་ཡིས་དད་པ་མེད་པའི་མི་རྣམས་ཀྱི་སེམས་རྨོངས་པར་བྱས༌ཏེ། སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་དང་ལྡན་པའི་འཕྲིན་བཟང་གི་འོད་སྣང་ཁོ་རྣམས་ལ་འཕྲོ་རུ་མི་འཇུག༌པའི་ཕྱིར་རོ།། སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་གི་སྣང་བརྙན་ཡིན།” ཀོ་རིན་ཐུ་པ་གཉིས་པ 4:4 (བོད་འགྱུར་གསར་མ།) “ད་ནི་འཇིག་རྟེན་འདིར་ཆད་པ་གཅོད་པའི་དུས་ལ་སླེབས་པ༌དང༌། འཇིག་རྟེན་འདིའི་དབང་སྒྱུར་མཁན་ཕྱི་རུ་བསྐྲོད་པར་འགྱུར།” ཡོ་ཧ་ནན 12:31 (བོད་འགྱུར་གསར་མ།) “འཇིག་རྟེན་འདིའི་དབང་སྒྱུར་མཁན་སླེབས་ལ་ཉེ༌བས། ཕྱིས་སུ་ངས་ཁྱོད་ཅག་ལ་གཏམ་མང་པོ་གླེང་བར་མི༌བྱའོ།། དབང་སྒྱུར་མཁན་དེར་བདག་ལ་རྒོལ་བའི་ནུས་པ་ཅི་ཡང་མེད།” ཡོ་ཧ་ནན 14:30 (བོད་འགྱུར་གསར་མ།) “ཉེས་ཆད་གཅོད་པའི་ཐད་ནས་འཇིག་རྟེན་འདིའི་དབང་སྒྱུར་མཁན་ལའང་ཉེས་ཆད་བཅད་ཟིན་པས༌སོ།།” ཡོ་ཧ་ནན 16:11 (བོད་འགྱུར་གསར་མ།) “དུས་དེར་ཁྱོད་རྣམས་ཀྱིས་འཇིག་རྟེན་གྱི་ལུགས་སྲོལ་ངན་པ་ལྟར་བྱེད་པ༌དང༌། བར་སྣང་ཁམས་སུ་དབང་འཛིན་མཁན་ལ་བསྟུན་པ་ཡིན། དེ་ནི་ད་ལྟ་དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་ཀྱི་སེམས་སུ་ལས་བྱེད་པའི་སེམས་ཉིད་ངན་པ་ཡིན…” ཨེ་ཕེ་སི་པ 2:2 (བོད་འགྱུར་གསར་མ།) “བདག་ཅག་ནི་དཀོན་མཆོག་ལ་གཏོགས་ཤིང༌། འཇིག་རྟེན་ཡོངས་རྫོགས་བདུད་ངན་གྱི་དབང་འོག་ཏུ་ཡོད་པ་བདག་ཅག་གིས་ཤེས༌པ་ཡིན།” ཡོ་ཧ་ནན་དང་པོ 5:19 (བོད་འགྱུར་གསར་མ།) “ཞབས་མེད་པའི་དོང་གི་ཕོ་ཉ་ནི་འབུ་ཆ་ག་པ་དེ་དག་གི་རྒྱལ་པོ་ཡིན་ཞིང་། ཨིབ་རིའི་མི་རིགས་ཀྱི་སྐད་དུ་ཨ་བད་ཏོན་དང་། གྷི་རིག་སྐད་དུ་ཨ་པོལ་ལི་ཨོན་ཞེས་ཟེར་རོ།།” མངོན་པ 9:11 (བོད་འགྱུར་གསར་མ།) ↩︎
2“ཡང་བདུད་ཀྱིས་སྐྱབས་མགོན་ཡེ་ཤུ་རི་ཤིན་ཏུ་མཐོན་པོ་ཞིག་ཏུ་ཁྲིད༌དེ། འཇིག་རྟེན་གྱི་རྒྱལ་ཁམས་ཡོངས་དང་དེ་དག་གི་དཔལ་དང་འབྱོར་བ་ཐམས་ཅད་ཁོང་ལ་བསྟན་ཏེ་ན༌རེ། གལ༌ཏེ། ཁྱེད་ཀྱིས་པུས་མོ་སར་བཙུགས་ནས་བདག་ལ་ཕྱག་བཙལ་ན། བདག་གིས་འདི་ཐམས་ཅད་ཁྱེད་ལ་འབུལ་བར་བྱ་ཞེས་སྨྲས་པ༌ལ། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདུད་སཱ་ཏན་ཁྱོད་ཕར་སོང༌ཞིག ཅིའི་ཕྱིར་ཞེ༌ན། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་ཕྱག་འཚལ་ཞིང་ཁོང་གཅིག་པུར་བསྙེན་བཀུར་བྱེད་དགོས་ཞེས་བཀོད་འདུག་ཅེས་གསུངས༌སོ།།” མད་ཐཱ 4:8–10 (བོད་འགྱུར་གསར་མ།) “ཡང་བདུད་ཀྱིས་ཁོང་ཉིད་རི་མཐོན་པོ་ཞིག་ཏུ་ཁྲིད་ནས་སྐད་ཅིག་ཙམ་ལ་འཇིག་རྟེན་གྱི་རྒྱལ་ཁམས་ཐམས་ཅད་བསྟན་ཏེ་ན༌རེ། ངས་དབང་ཐང་དང་གཟི་བརྗིད་འདི་མཐའ་དག་ཁྱེད་ལ་འབུལ་བར༌བྱ། རྒྱུ་མཚན་ནི་འདི་ཐམས་ཅད་སྔར་ནས་བདག་ལ་སྤྲད་ཡོད༌པས། བདག་གིས་སུ་ཞིག་ལ་སྟེར་འདོད་ན་དེ་ལ་སྟེར་ངེས༌ཡིན། གལ་ཏེ་ཁྱེད་ཀྱིས་བདག་ལ་ཕྱག་བཙལ་ན་འདི་ཐམས་ཅད་ཁྱེད་ལ་དབང་བ་ཡིན་ཞེས་སྨྲས་པ༌ན། ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། གསུང་རབ་ཀྱི་མདོ༌ལས། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་ཕྱག་འཚལ་ཞིང་ཁོང་གཅིག་པུར་བསྙེན་བཀུར་བྱེད་དགོས་ཞེས་བཀོད་འདུག་ཅེས་གསུངས༌སོ།།” ལོ་ཀུ 4:5–8 (བོད་འགྱུར་གསར་མ།) ↩︎
3“ངས་དབང་ཐང་དང་གཟི་བརྗིད་འདི་མཐའ་དག་ཁྱེད་ལ་འབུལ་བར༌བྱ། རྒྱུ་མཚན་ནི་འདི་ཐམས་ཅད་སྔར་ནས་བདག་ལ་སྤྲད་ཡོད༌པས། བདག་གིས་སུ་ཞིག་ལ་སྟེར་འདོད་ན་དེ་ལ་སྟེར་ངེས༌ཡིན།” ལོ་ཀུ 4:6 (བོད་འགྱུར་གསར་མ།) “…བདུད་སཱ་ཏན་ཁྱོད་ཕར་སོང༌ཞིག ཅིའི་ཕྱིར་ཞེ༌ན། གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། ཁྱོད་ཀྱིས་གཙོ་བོ་སྟེ་རང་གི་དཀོན་མཆོག་ལ་ཕྱག་འཚལ་ཞིང་ཁོང་གཅིག་པུར་བསྙེན་བཀུར་བྱེད་དགོས་ཞེས་བཀོད་འདུག…” མད་ཐཱ 4:10 (བོད་འགྱུར་གསར་མ།) “ད་ནི་འཇིག་རྟེན་འདིར་ཆད་པ་གཅོད་པའི་དུས་ལ་སླེབས་པ༌དང༌། འཇིག་རྟེན་འདིའི་དབང་སྒྱུར་མཁན་ཕྱི་རུ་བསྐྲོད་པར་འགྱུར།” ཡོ་ཧ་ནན 12:31 (བོད་འགྱུར་གསར་མ།) “འཇིག་རྟེན་འདིའི་དབང་སྒྱུར་མཁན་སླེབས་ལ་ཉེ༌བས། ཕྱིས་སུ་ངས་ཁྱོད་ཅག་ལ་གཏམ་མང་པོ་གླེང་བར་མི༌བྱའོ།། དབང་སྒྱུར་མཁན་དེར་བདག་ལ་རྒོལ་བའི་ནུས་པ་ཅི་ཡང་མེད།” ཡོ་ཧ་ནན 14:30 (བོད་འགྱུར་གསར་མ།) “བདག་ཅག་ནི་དཀོན་མཆོག་ལ་གཏོགས་ཤིང༌། འཇིག་རྟེན་ཡོངས་རྫོགས་བདུད་ངན་གྱི་དབང་འོག་ཏུ་ཡོད་པ་བདག་ཅག་གིས་ཤེས༌པ་ཡིན།” ཡོ་ཧ་ནན་དང་པོ 5:19 (བོད་འགྱུར་གསར་མ།) ↩︎
4“དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ་འདི་སྐད་དུ། ལྟོས་དང་། ཁོ་ལ་ཅི་ཡོད་པ་ཐམས་ཅད་ཁྱོད་ཀྱི་དབང་དུ་ཡོད་ནའང་། ཁོ་རང་ལ་ཁྱོད་ཀྱི་ལག་པས་མ་རེག་ཅིག་ཅེས་བསྒོས་པ་དང་། སཱ་ཏན་དཀོན་མཆོག་ཡ་ཝཱེའི་སྤྱན་སྔ་ནས་སོང་ངོ་། །” ཨེས་ཡོབ 1:12 (བོད་འགྱུར་གསར་མ།) “དེ་ནས་དཀོན་མཆོག་ཡ་ཝཱེས་སཱ་ཏན་ལ། ལྟོས་དང་ཁོ་ནི་ཁྱོད་ཀྱི་ལག་ཏུ་ཡོད། ཡིན་ནའང་དེ་ཡི་སྲོག་འབའ་ཞིག་ལུས་སུ་ཆུག་ཅེས་བསྒོས།” ཨེས་ཡོབ 2:6 (བོད་འགྱུར་གསར་མ།) “སི་མོན། སི་མོན་ཁྱོད་ཀྱིས་ལྟོས༌དང༌། བདུད་སཱ་ཏན་གྱིས་ཁྱོད་རྣམས་གྲོ་འཚག་པ་ལྟར་བྱེད་ཆེད་ཁྱོད་ཅག་འཐོབ་འདོད་ནའང༌། བདག་གིས་ཁྱོད་ཀྱི་དད་པ་མི་ཉམས་པའི་ཕྱིར་དཀོན་མཆོག་ལ་གསོལ་བ་བཏབ༌ཅིང་། ཡང་ཁྱོད་ཀྱིས་སེམས་བསྒྱུར་བའི་རྗེས་སུ་རང་གི་སྤུན་རྣམས་ཀྱི་དད་སེམས་བརྟན་པར་གྱིས…” ལོ་ཀུ 22:31–32 (བོད་འགྱུར་གསར་མ།) “ཁྱོད་ཅག་ལ་ཐེབས་པའི་ཉམས་ཚོད་ནི་མི་གཞན་རྣམས་ལའང་ཐེབས་མྱོང༌བ་ཡིན། དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན༌ཏེ། ཁྱོད་རྣམས་ལ་བཟོད་བསྲན་བྱ་མི་ནུས་པའི་ཉམས་ཚོད་ཐེབས་སུ་མི་འཇུག ཉམས་ཚོད་ཐེབས་པའི་དུས༌སུ། ཁྱོད་ཅག་གིས་བཟོད་བསྲན་བྱེད་ཐུབ་པའི༌ཕྱིར། ཁྱོད་རྣམས་ལ་ཐར་པའི་ལམ་ཞིག་གནང་ངེས༌སོ།།” ཀོ་རིན་ཐུ་པ་དང་པོ 10:13 (བོད་འགྱུར་གསར་མ།) “ཁོང་གིས་འབྲུག་སྟེ་གནའ་བོའི་སྦྲུལ་དང་མིང་གཞན་ལ་བདུད་དང་སཱ་ཏན་ཞེས་ཟེར་བ་དེ་བཟུང་ནས་ལོ་ངོ་ཆིག་སྟོང་ལ་བཀྱིགས་ཤིང་། རྒྱལ་ཁབ་རྣམས་སླར་ཡང་མི་བསླུ་བའི་ཕྱིར། ཞབས་མེད་པའི་དོང་ནང་དུ་གཡུགས་ཏེ། ལོ་ངོ་ཆིག་སྟོང་ལོང་བའི་བར་དུ་དོང་ཁ་བཅད་ཅིང་རྟགས་ཐམ་བརྒྱབས་སོ།། དེའི་རྗེས་སུ། བདུད་དེ་གནས་སྐབས་སུ་གློད་བཀྲོལ་གཏོང་དགོས་པ་ཡིན་ནོ།།” མངོན་པ 20:2–3 (བོད་འགྱུར་གསར་མ།) ↩︎
5“ཁྱོད་ཅག་ནི་རང་གི་ཕ་སྟེ་བདུད་ལ་གཏོགས༌ཤིང༌། རང་གི་ཕ་ཡི་འདོད་པ་བཞིན་བྱེད་པར༌དགའོ།། བདུད་ནི་ཐོག་མ་ནས་མི་གསོད་མཁན་ཡིན་པ༌དང༌། བདེན་པ་ཉིད་དང་འབྲེལ་བ་ཅི་ཡང་མེད། རྒྱུ་མཚན་ནི་བདུད་དེའི་སེམས་སུ་བདེན་པ་ཉིད་མེད་པའི་ཕྱིར༌རོ།། ཡང་བདུད་དེ་ནི་རྫུན་སྨྲ་མཁན་དང་རྫུན་སྨྲ་བ་རྣམས་ཀྱི་ཕ་རྒན་ཡང་ཡིན༌པས། དེས་རྫུན་བརྗོད་པའི་དུས་སུ་རང་གི་གཤིས་ཀ་ལྟར་སྨྲ་བར་བྱེད་དོ།།” ཡོ་ཧ་ནན 8:44 (བོད་འགྱུར་གསར་མ།) “བདུད་ཀྱིས་རང་དགར་བཟུང་ཡོད་ནའང་ཁོ་རྣམས་གོ་རྟོགས་སད་ནས་བདུད་ཀྱི་རྙི་རྒྱ་ལས་ཐར་བར་འགྱུར༌རོ།།” ཐི་མོ་ཐེ་གཉིས་པ 2:26 (བོད་འགྱུར་གསར་མ།) “སྔོན་ཆད་ཡཱན་ནེ་དང་ཡཱམ་བྲེ་གཉིས་ཀྱིས་མོ་ཤེ་ལ་ཇི་ལྟར་རྒོལ་བ་བཞིན། མི་འདི་དག་གིས་ཀྱང་བདེན་པ་ཉིད་ལ་རྒོལ་བ༌དང༌། དེ་དག་གི་བསམ་པ་ངན་པར་གྱུར་པས་དེ་རྣམས་ནི་དད་པའི་ཆ་ནས་འདོར་རུང༌བ་ཡིན་ནོ།།” ཐི་མོ་ཐེ་གཉིས་པ 3:8 (བོད་འགྱུར་གསར་མ།) “བསམ་པ་ངན་པར་གྱུར་ཅིང་བདེན་པ་ཉིད་དང་བྲལ་བའི་རྩོད་པའང་རྒྱུན་ཆད་མེད་པར་འབྱུང༌། མི་དེ་དག་གིས་དད་གུས་བྱེད་པ་ནི་རྒྱུ་ནོར་འཐོབ་པའི་ཐབས་ལམ་ཡིན་པར་བསམས་སོ།།” ཐི་མོ་ཐེ་དང་པོ 6:5 (བོད་འགྱུར་གསར་མ།) “ཁྱོད་ཅག་ཁྲོད་ཀྱི་འཁོན་འཛིང་དང་འཁྲུག་རྩོད་ནི་གང་ནས་བྱུང༌ངམ། དེ་ནི་ཁྱོད་རྣམས་ཀྱི་རྒྱུད་དུ་ཡོད་པའི་འཁྲུག་རྩོད་ཀྱི་འདོད་ཆགས་ལས་བྱུང་བ་མ་ཡིན༌ནམ། ཁྱོད་ཅག་འདོད་རྔམ་ཆེ་ཡང་ཅི་ཡང་མ་ཐོབ༌པས། ཁྱོད་རྣམས་ཀྱིས་མི་གསོད་པ་ཡིན། ཁྱོད་རྣམས་ཀྱིས་བརྣབ་སེམས་བྱེད་ཀྱང་ཅི་ཡང་མ་ཐོབ་པས། འཁྲུག་རྩོད་དང་འཁོན་འཛིང་བྱེད་པ་ཡིན། ཁྱོད་ཅག་གིས་དཀོན་མཆོག་ལ་ཞུ་བ་མི་བྱེད་པས་ཁྱོད་རྣམས་ལ་ཅི་ཡང་མ་ཐོབ།” ཡ་ཀོབ 4:1–2 (བོད་འགྱུར་གསར་མ།) “བདག་གིས་མཐོང་བའི་གཅན་གཟན་དེ་ནི་གཟིག་དང་མཚུངས་ཞིང་། རྐང་པ་ནི་དོམ་གྱི་རྐང་པ་དང་འདྲ། ཁ་ནི་སེང་གེའི་ཁ་དང་འདྲ། འབྲུག་དེས་རང་གི་ནུས་མཐུ་དང་། ཁྲི། དབང་ཐང་ཆེན་པོ་བཅས་དེ་ལ་སྤྲད་པ་ཡིན།” མངོན་པ 13:2 (བོད་འགྱུར་གསར་མ།) ↩︎
6“སུ་ཞིག་གིས་བཀའ་ཁྲིམས་འོས་ཤིང་འཚམ་པར་བཀོལ༌ན། བཀའ་ཁྲིམས་དེ་ནི་ལེགས་པོ་ཡིན་པ་བདག་ཅག་གིས་ཤེས༌སོ…” ཐི་མོ་ཐེ་དང་པོ 1:8 (བོད་འགྱུར་གསར་མ།) “དེ་ལྟར་བལྟས༌ན། བཀའ་ཁྲིམས་ནི་དམ་པ་ཡིན༌ལ། བཀའ་དེ་ཡང་དམ་པ༌དང༌བདེན༌དྲང༌། ལེགས་པོ་བཅས་ཡིན༌ནོ།།” རོ་མཱ་པ 7:12 (བོད་འགྱུར་གསར་མ།) “ཅིའི་ཕྱིར་ཞེ་ན། དཔོན་རིགས་དེ་ནི་དཀོན་མཆོག་གི་ཞབས་ཕྱི་པ་ཡིན་ཞིང་ཁྱོད་ལ་ཕན་ཐོགས་པ༌དང༌། ཁྱོད་ཀྱིས་ལས་ངན་པ་བྱེད་ན་འཇིགས་འོས༌ཏེ། ཁོང་ནི་དོན་མེད་དུ་རལ་གྲི་འདོགས་མཁན་མ་ཡིན༌པར། དེ་ནི་དཀོན་མཆོག་གི་ཞབས་ཕྱི་པ༌དང༌། གནོད་ལན་གནོད་འཇལ་བྱེད་མཁན་ཏེ་ལས་ངན་པ་བྱེད་མཁན་ལ་ཉེས་ཆད་གཅོད་མཁན་བཅས་ཡིན་པའི་ཕྱིར༌རོ།།” རོ་མཱ་པ 13:4 (བོད་འགྱུར་གསར་མ།) “ངན་པ་ལ་བཟང་པོ་ཞེས་དང་བཟང་པོ་ལ་ངན་པ་ཞེས་འབོད་ཅིང་། འོད་ཀྱི་ཚབ་ཏུ་མུན་པ་དང་མུན་པའི་ཚབ་ལ་འོད་སྣང་འཇོག་པ་དང་། ཁ་མོའི་ཚབ་ཏུ་མངར་མོ་དང་མངར་མོའི་ཚབ་ལ་ཁ་མོ་འཇོག་མཁན་དག་ལ་ཆག་སྒོ་འབྱུང་།” ཡེ་ཤ་ཡཱ 5:20 (བོད་འགྱུར་གསར་མ།) “དྲང་བདེན་མིན་པའི་ཁྲིམས་གཏན་ལ་འབེབས་མཁན་དང་གཡོ་སྒྱུའི་ཁྲིམས་གཅོད་ཟིན་ཐོར་འགོད་མཁན་དག་ལ་ཆག་སྒོ་འབྱུང་སྟེ། དེ་དག་གིས་དེར་བརྟེན་ནས་བདག་གི་འབངས་མིའི་ཁྲོད་ཀྱི་དབུལ་པོ་རྣམས་ཀྱི་དྲང་བདེན་མེད་པར་བཟོ་ཞིང་། དཀའ་སྡུག་ཅན་རྣམས་ཀྱི་ཁེ་དབང་ཕྲོགས་ནས། ཡུགས་མོ་དང་དྭ་ཕྲུག་གི་རྒྱུ་ནོར་འཕྲོག་བཅོམ་བྱེད་པའོ། །” ཡེ་ཤ་ཡཱ 10:1–2 (བོད་འགྱུར་གསར་མ།) “རྒྱལ་ཁྲིམས་ཐབས་ཀྱིས་ཇུས་ངན་རྩོམ་མཁན༌གྱི། །ངན་པའི་ཁྲི་དང་ཁྱེད་ལ་འབྲེལ་བ༌ཅི།།” གསུང་མགུར 94:20 (བོད་འགྱུར་གསར་མ།)སྔ་རབས་ཆོས་ཚོགས“…ཁྲིམས་འཛུགས་པ་བརྒྱུད་ནས་མི་རིགས་རྣམས་ཀྱི་ཁྲོད་དུ་ངན་པ་ཚད་ལས་འདས་པ་ནོན་ཐུབ་པའི་ཆེད་དུ་ཡིན།” (ANF 1 ནང་གི་དབྱིན་ཡིག་ལས་བསྒྱུར་བ།) ལི་ཡོན་གྱི་ཨི་རེ་ནེ་ཨུ་སི (Irenaeus of Lyons)། ལོག་ལྟ་རྣམས་ལ་རྒོལ་བ 5.24.2། ཡིག་སྒྱུར་བ Alexander Roberts དང William Rambaut། The Ante-Nicene Fathers ནང་། རྩོམ་སྒྲིག་པ Alexander Roberts དང James Donaldson། པོད་ 1 (Buffalo, NY: Christian Literature Publishing, 1885)། ↩︎
7“ཁྱོད་རྣམས་ལ་སྲིད་བྱེད་པར་འགྱུར་བའི་རྒྱལ་པོ་དག་གི་བྱེད་སྟངས་ནི་འདི་ལྟར་ཡིན། ཁོང་གིས་ཁྱོད་ཅག་གི་བུ་རྣམས་བསྡུས་ནས་རང་གི་ཤིང་རྟ་འདེད་མཁན་ནམ་རྟ་པར་བསྐོས་ཏེ། རྒྱལ་པོའི་སྲོག་སྲུང་བའི་ཆེད་དུ་ཁོང་གི་ཤིང་རྟའི་མདུན་དུ་རྒྱུག་པར་འགྱུར། ཡང་རྒྱལ་པོ་དེ་དག་གིས་མི་སྟོང་རེ་ལ་སྟོང་དཔོན་དང་མི་ལྔ་བཅུ་རེ་ལ་ལྔ་བཅུ་དཔོན་རེ་བསྐོ་བ་དང་། ཁྱོད་ཅག་གི་བུ་རྒྱུད་ཀྱིས་ཁོང་གི་ཞིང་ས་རྨོ་བ་དང་། སྟོན་ཐོག་རྔ་བ་དང་། དམག་ཆས་བཟོ་བ་དང་། ཤིང་རྟའི་ལྷུ་ལག་བཟོ་བར་བྱེད་དོ། ། ཡང་ཁོང་གིས་ཁྱོད་ཅག་གི་བུ་མོ་རྣམས་ནི་སྤོས་ཆུ་བཟོ་མཁན་དང་། གསོལ་ཐབ་མཁན་དང་། བག་ལེབ་སྲེག་མཁན་བཅས་སུ་བྱེད་དོ། ། ད་དུང་ཁྱོད་རྣམས་ཀྱི་ཞིང་དང་རྒུན་འབྲུམ་ར་བ་དང་སྐྱུ་རུ་རའི་ཚལ་ཤིན་ཏུ་བཟང་པོ་རྣམས་ཕྲོགས་ནས། ཁོང་གི་བློན་པོ་རྣམས་ལ་གཏོང་བར་བྱེད། ཡང་ཁྱོད་རྣམས་ཀྱི་ས་བོན་དང་རྒུན་འབྲུམ་ར་བ་ནས་བཅུ་ཆའི་གཅིག་བླངས་ཏེ། རང་གི་འཁོར་གྱི་ཉུག་རུམ་པ་དང་ཞབས་ཕྱི་པ་རྣམས་ལ་གཏོང་བར་བྱེད། ཡང་ཁྱོད་ཅག་གི་ཞབས་ཕྱི་དང་གཡོག་མོ། བྱད་གཟུགས་ལེགས་པའི་གཞོན་ནུ། བོང་བུ་བཅས་ཕྲོགས་ཏེ་ཁོང་གི་ལས་ཀ་བྱེད་མཁན་དུ་འཇུག་པར་འགྱུར། ཡང་ཁོང་གིས་ཁྱོད་ཚོའི་ར་ལུག་གི་ཁྱུ་ལས་བཅུ་ཆའི་གཅིག་བླངས་ཏེ་ཁྱོད་རྣམས་ནི་ཁོང་གི་གཡོག་པོར་འགྱུར། ཉིན་དེ་ལ་ཁྱོད་རྣམས་ཀྱིས་རང་གིས་བསྐོས་པའི་རྒྱལ་པོའི་ཕྱིར་དུ་ངུ་འབོད་བྱེད་ཅིང་། དཀོན་མཆོག་ཡ་ཝཱེས་ཉིན་དེར་ཁྱོད་རྣམས་ལ་གསན་པར་མི་བྱའོ་ཞེས་སྨྲས་སོ། །” སཱ་མུ་ཨེལ་དང་པོ 8:11–18 (བོད་འགྱུར་གསར་མ།) “དེ་ནས་ཡོ་སེབ་ལ་རྒྱུས་མི་མངའ་བའི་རྒྱལ་པོ་གསར་པ་ཞིག་བྱུང་ཞིང་། དེས་ཨེ་ཅིབ་ལ་དབང་བསྒྱུར་པ་དང་། དེས་རང་གི་འབངས་མི་རྣམས་ལ། ལྟོས་དང་། ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་རང་ཅག་ལས་མང་ཞིང་སྟོབས་ཀྱང་རྒྱས་པས། ཤོག་དང་། རང་ཅག་གིས་དེ་རྣམས་ལ་གཡོ་སྦྱོར་སྤེལ་བར་བྱའོ། །དེ་ལྟར་མ་བྱས་ན། ཁོ་རྣམས་ད་དུང་འཕེལ་བར་འགྱུར་ཞིང་། ཕྱིས་སུ་དམག་འཁྲུག་འདྲ་བྱུང་ན་དེ་དག་གིས་དགྲ་བོར་གྲོགས་བགྱིས་ནས་རང་ཅག་ལ་རྒོལ་ཏེ་ཡུལ་འདི་དང་འབྲལ་སྲིད་ཅེས་སྨྲས་སོ། ། དེའི་ཕྱིར། ཨེ་ཅིབ་པ་རྣམས་ཀྱིས་ཁོ་རྣམས་ལ་ཁྲེས་པོ་ལྕི་མོ་བཀལ་ནས་དྲག་གནོན་ཆེན་པོ་བྱ་ཆེད་ལས་རྒྱབ་པ་རྣམས་བསྐོས་ཤིང་། ཁོ་རྣམས་ཀྱིས་ཕཱར་ཨོལ་ལ་བང་མཛོད་གྲོང་ཁྱེར་ཕི་ཐོམ་དང་རཱ་ཨམ་སེའེ་གཉིས་བརྩིགས་སོ། ། འོན་ཀྱང་དེ་རྣམས་ལ་ཇི་ལྟར་དྲག་གནོན་བྱས་ནའང་དེ་ལས་མང་པོར་འཕེལ་ཞིང་ཕྱོགས་ཀུན་ཏུ་ཁྱབ་པས། ཨེ་ཅིབ་པ་རྣམས་ཡེས་ར་ཨེལ་པའི་རྐྱེན་གྱིས་འཇིགས་པ་དང་། ཡེས་ར་ཨེལ་པ་རྣམས་ལ་བཙན་བཀོལ་ནས་ལས་ཀ་བྱེད་དུ་བཅུག་སྟེ། སོ་ཕག་དང་འཇིམ་པ་བཟོ་བའི་ལས་ཀ་ལྕི་མོ་དང་། ཞིང་ལས་སྣ་ཚོགས་བྱེད་དུ་བཅུག་ནས་ཁོ་རྣམས་ཀྱི་འཚོ་བ་སྡུག་ལ་སྦྱར་ཅིང་། ལས་ཀ་ཐམས་ཅད་ཀྱི་ཐད་ནས་ཁོ་རྣམས་ལ་གདུག་རྩུབ་སྤྱད་དོ། །” ཨེ་ཅིབ་ནས་ཐོན་པ 1:8–14 (བོད་འགྱུར་གསར་མ།) ↩︎
8“ཡང་གཅན་གཟན་ཕྱི་མ་དེས་མི་ཆེ་ཆུང་དང་། དབུལ་ཕྱུག བདག་པོ། གཡོག་པོ་བཅས་གང་ཡིན་ཐམས་ཅད་ཀྱི་གཡས་ལག་གམ། ཡང་ན་དཔྲལ་བའི་སྟེང་དུ་རྟགས་རྒྱག་ཏུ་བཅུག་ནས། དེ་ནི་རྟགས་ཐོབ་པ་སྟེ་གཅན་གཟན་གྱི་མིང་ཡོད་པའམ། ཡང་ན་གཅན་གཟན་གྱི་མིང་གྲངས་ཡོད་པ་ལས་གཞན་སུ་ཞིག་གིས་ཀྱང་ཉོ་འཚོང་བྱེད་མི་ནུས་པའི་ཕྱིར་རོ།།” མངོན་པ 13:16–17 (བོད་འགྱུར་གསར་མ།) “ཡང་དེ་ལ་དད་ལྡན་དམ་པ་རྣམས་དང་འཐབ་ནས་རྒྱལ་ཁ་ལེན་པ་དང་། ཚོ་པ་སོ་སོ་དང་མི་སྡེ་སོ་སོ། སྐད་རིགས་སོ་སོ། མི་རིགས་སོ་སོ་བཅས་འདུལ་བའི་དབང་ཡང་སྤྲད། འཇིག་རྟེན་བཀོད་པའི་ཚུན་ལ། བཀྲོངས་ཟིན་པའི་ལུ་གུའི་ཚེ་སྲོག་གི་གླེགས་བམ་ནང་དུ་མིང་ཐོ་བཀོད་མེད་པའི་མི་རྣམས་ཏེ། ས་སྟེང་དུ་སྡོད་པ་ཐམས་ཅད་ཀྱིས་གཅན་གཟན་དེ་ལ་ཕྱག་འཚལ་བར་འགྱུར་རོ།།” མངོན་པ 13:7–8 (བོད་འགྱུར་གསར་མ།) “ཁོང་གིས་བདག་ལ་འདི་སྐད་དུ། གཅན་གཟན་བཞི་པ་དེ་ནི་ས་སྟེང་འདི་རུ་འབྱུང་ངེས་པའི་རྒྱལ་སྲིད་བཞི་པ་ཡིན་ལ་དེ་ནི་རྒྱལ་སྲིད་གཞན་ཀུན་དང་མི་འདྲ་སྟེ། ས་སྟེང་ཧྲིལ་པོ་རྡོག་བརྫིས་བཏང་ནས་ཁྱུར་མིད་གཏོང་ཞིང་རྡུལ་དུ་བརླག་ངེས་ཡིན། རྭ་ཅོ་བཅུ་པོ་ནི་རྒྱལ་སྲིད་དེ་ལས་རྒྱལ་པོ་བཅུ་འབྱུང་བར་འགྱུར་བ་དེ་ཡིན་ལ། དེ་དག་གི་རྗེས་སུ་རྒྱལ་པོ་གཞན་ཞིག་སླེབ་པར་འགྱུར་ཞིང་། རྒྱལ་པོ་སྔ་མ་དག་དང་མི་འདྲ་སྟེ། ཁོས་རྒྱལ་པོ་གསུམ་ཀ་དབང་དུ་བསྡུ་ངེས་སོ། ། ཁོས་བླ་ན་མེད་པ་ཁོང་ལ་འགོག་རྒོལ་བྱེད་པའི་གཏམ་སྨྲ་ཞིང་། བླ་ན་མེད་པ་ཁོང་གི་སྐྱེས་བུ་དམ་པ་རྣམས་ལ་མནར་གཅོད་གཏོང་བ་དང་། དུས་ཆེན་དང་བཀའ་ཁྲིམས་རྣམས་ཀྱང་བསྒྱུར་འདོད་པ་ཡིན། སྐྱེས་བུ་དམ་པ་རྣམས་ལོ་གསུམ་དང་ཕྱེད་ཀའི་རིང་ལ་ཁོའི་དབང་འོག་ཏུ་གཏོད་པར་འགྱུར།” དཱ་ནེ་ཨེལ 7:23–25 (བོད་འགྱུར་གསར་མ།) “ཁྱོད་ཀྱིས་དེ་སྔར་མཐོང་བའི་རྭ་ཅོ་བཅུ་པོ་ནི་རྒྱལ་པོ་བཅུ་ཡིན་ལ། དེ་རྣམས་ལ་རྒྱལ་སྲིད་ད་དུང་ཐོབ་མེད་མོད། འོན་ཀྱང་དེ་རྣམས་ལ་དུས་ཚོད་གཅིག་གི་རིང་ལ་གཅན་གཟན་དེ་དང་མཉམ་དུ་རྒྱལ་པོའི་དབང་འཐོབ་པར་འགྱུར་རོ།། དེ་རྣམས་ཀྱིས་བློ་སེམས་གཅིག་མཐུན་ངང་ནས་རང་གི་ནུས་མཐུ་དང་དབང་ཐང་ཐམས་ཅད་གཅན་གཟན་དེ་ལ་སྤྲོད་པ་ཡིན།” མངོན་པ 17:12–13 (བོད་འགྱུར་གསར་མ།) “རྒྱུ་མཚན་ནི་དཀོན་མཆོག་གིས་རྒྱལ་པོ་རྣམས་ལ་བློ་སེམས་གཅིག་མཐུན་ངང་ཁོང་གི་དགོངས་པ་བཞིན་དུ་སྒྲུབ་པར་མཛད་དེ། ཁོང་གི་བཀའ་རྣམས་འགྲུབ་པའི་བར་དུ། རྒྱལ་པོ་དེ་རྣམས་ཀྱིས་རང་གི་རྒྱལ་སྲིད་གཅན་གཟན་དེ་ལ་སྤྲོད་པར་འགྱུར་བའི་ཕྱིར་རོ།།” མངོན་པ 17:17 (བོད་འགྱུར་གསར་མ།) “མི་སུས་ཀྱང་ཐབས་གང་ཞིག་སྤྱད་ནའང་ཁྱོད་རྣམས་དེའི་གཡོ་འོག་ཏུ་མ་ཚུད༌ཅིག རྒྱུ་མཚན་ནི་ཉིན་མོ་དེ་མ་སླེབས་པའི་སྔོན༌དུ། དཀོན་མཆོག་ལ་ངོ་རྒོལ་བྱེད་པའི་དོན་དེ་འབྱུང་ངེས༌ཤིང༌། འཇིག་པའི་བུ་སྟེ་ཁྲིམས་མེད་ལུགས་མེད་བྱེད་མཁན་དེ་ཡང་ཕྱིར་མངོན་པར་འགྱུར་བ༌དང༌། དེས་ལྷ་རུ་འབོད་པ་དང་དད་པའི་ཡུལ་ཐམས་ཅད་ལ་བཀག་འགོག་བྱེད་ཅིང་རང་ཉིད་དེ་རྣམས་ལས་མཆོག་གྱུར་ཏུ་བརྩི་བ་དང་། ཐ་ན་དཀོན་མཆོག་གི་མཆོད་ཁང་ནང་དུ་བསྡད་ནས་རང་ཉིད་དཀོན་མཆོག་ཡིན་ཞེས་ཀྱང་ཟེར་བར་འགྱུར་རོ།།” ཐེ་སཱ་ལོ་ནེ་ཀེ་པ་གཉིས་པ 2:3–4 (བོད་འགྱུར་གསར་མ།) “…དེའི་དུས་སུ་ལངས་པར་འགྱུར་བའི་རྒྱལ་པོ་བཅུ་སྟེ། ད་ལྟ་[ས་སྟེང་ལ་]དབང་སྒྱུར་བཞིན་པའི་རྒྱལ་ཁབ་ཆེན་པོ་དེ་གང་དག་གི་བར་དུ་བགོ་བཤའ་བྱེད་པར་འགྱུར་བ་དེ་དག་གི་སྐོར…” (ANF 1 ནང་གི་དབྱིན་ཡིག་ལས་བསྒྱུར་བ།) ལི་ཡོན་གྱི་ཨི་རེ་ནེ་ཨུ་སི (Irenaeus of Lyons)། ལོག་ལྟ་རྣམས་ལ་རྒོལ་བ 5.26.1། ཡིག་སྒྱུར་བ Alexander Roberts དང William Rambaut། The Ante-Nicene Fathers ནང་། རྩོམ་སྒྲིག་པ Alexander Roberts དང James Donaldson། པོད་ 1 (Buffalo, NY: Christian Literature Publishing, 1885)། “…རྐང་པའི་མཛུབ་མོ་རྣམས་ཀྱིས་ཁོང་གིས་དེ་དག་གི་ཁྲོད་ནས་ལངས་པར་འགྱུར་བའི་རྒྱལ་པོ་རྣམས་བསྟན…” “…སྐུ་བརྙན་གྱི་རྐང་མཛུབ་བཅུ་ནི་མང་གཙོའི་སྲིད་གཞུང་(དེ་ཙམ་)དང་མཚུངས…” “…གཅན་གཟན་བཞི་པའི་རྭ་ཅོ་བཅུ་ནི་རྒྱལ་སྲིད་བཅུའི་ནང་དུ་བགོས་པ…” (ANF 5 ནང་གི་དབྱིན་ཡིག་ལས་བསྒྱུར་བ།) ཧིབ་པོ་ལི་ཊུ་སི (Hippolytus of Rome)། མཱ་ཤི་ཀ་དང་མཱ་ཤི་ཀའི་བསྟན་དགྲའི་སྐོར་གྱི་རྩོམ་ཡིག། ལེའུ་ 25, 27། ཡིག་སྒྱུར་བ J. H. MacMahon། The Ante-Nicene Fathers ནང་། རྩོམ་སྒྲིག་པ Alexander Roberts དང James Donaldson། པོད་ 5 (Buffalo, NY: Christian Literature Publishing, 1886)། ↩︎
9“ཅིའི་ཕྱིར་ཞེ་ན། བདག་ཅག་གི་འཐབ་འཁྲུག་ནི་ཤ་ཁྲག་ལྡན་པའི་མི་ལ་དམག་འཁྲུག་རྒྱག་པ་མ་ཡིན༌པར། སྲིད་དབང་འཛིན་མཁན༌དང༌། དབང་འཛིན༌མཁན། འཇིག་རྟེན་འདིའི་མུན་ནག་ལ་དབང་སྒྱུར་མཁན། མཁའ་དབྱིངས་སུ་རྒྱུ་བའི་གདོན་འདྲེའི་རིགས་སུ་གྱུར་པ་ཐམས་ཅད་ལ་གཡུལ་འགྱེད༌པའི་ཕྱིར་ཡིན།” ཨེ་ཕེ་སི་པ 6:12 (བོད་འགྱུར་གསར་མ།) “དེ་ནས་ནམ་མཁའི་ཞིང་ཁམས་སུ་འཐབ་འཁྲུག་བྱུང་བ་སྟེ། ཕོ་ཉ་མེའ་ཀཱ་ཨེལ་དང་ཁོང་གི་འཁོར་རྣམས་འབྲུག་ལ་འཐབ་ཅིང་། འབྲུག་གིས་ཀྱང་ཁོའི་འཁོར་རྣམས་ལ་ལྷན་དུ་རྒོལ་བ་དང་། རྒྱལ་ཁ་མ་ལོན་ཞིང་དུས་དེ་ནས་བཟུང་ནམ་མཁའི་ཞིང་ཁམས་སུ་དེ་རྣམས་ལ་སྡོད་ས་མེད་དོ།། འབྲུག་ཆེན་ནི་གནའ་བོའི་སྦྲུལ་དེ་ཡིན་པ་དང་མིང་ལ་བདུད་དང་། ཡང་ན་སཱ་ཏན་ཞེས་ཀྱང་ཟེར་ཏེ། འཇིག་རྟེན་ཡོངས་ལ་སླུ་བྲིད་གཏོང་མཁན་ཡིན། འབྲུག་ཆེན་དེ་ས་གཞིར་གཡུགས་ཤིང་ཁོའི་འཁོར་རྣམས་ཀྱང་ལྷན་དུ་སར་གཡུགས་པའོ།།” མངོན་པ 12:7–9 (བོད་འགྱུར་གསར་མ།) “འོན་ཀྱང་ཏ་ཟིག་རྒྱལ་ཁམས་ཀྱི་སྐུ་སྲུང་ཕོ་ཉས་ཉིན་ཞག་ཉེར་གཅིག་གི་རིང་ལ་ང་རང་བཀག་བྱུང་། དེ་ནས་ཕོ་ཉའི་མཆོག་མེའ་ཀཱ་ཨེལ་བདག་གི་དཔུང་རོགས་སུ་འོངས་པ་དང་། ང་རང་ཏ་ཟིག་གི་རྒྱལ་པོ་རྣམས་དང་མཉམ་དུ་དེར་བསྡད་པ་ཡིན།” དཱ་ནེ་ཨེལ 10:13 (བོད་འགྱུར་གསར་མ།)ཁྲིམས་ཤིག་ལ་མིང་རྟགས་བཀོད་པས“དེ་ནས་ཟླ་བ་དང་པོའི་ཚེས་བཅུ་གསུམ་ཉིན་ལ། རྒྱལ་པོའི་དྲུང་ཡིག་དག་བོས་ཡོང་སྟེ། ཧ་མཱན་གྱིས་བསྒོས་པ་བཞིན་དུ་ལྗོངས་སོ་སོའི་ཡི་གེ་དང་མི་རིགས་སོ་སོའི་སྐད་ཀྱིས་རྒྱལ་པོ་ཨ་ཧཱ་ཝེ་རོའི་མིང་ལ་བརྟེན་ནས་བཀའ་མཆིད་བྲིས་ཤིང་། ཡང་རྒྱལ་པོའི་མཛུབ་དཀྲིས་ཀྱིས་ཕྱག་རྒྱ་བཏབ་ནས། རྒྱལ་པོའི་སྤྱི་དཔོན་དང་ལྗོངས་སོ་སོའི་འགོ་བདག་དང་། མི་རིགས་རེ་རེའི་དཔོན་རིགས་སོགས་ལ་བསྒྲགས།” ཨེས་སི་ཐེར 3:12 (བོད་འགྱུར་གསར་མ།) “རྒྱལ་པོ་དར་ཡཱས་བཀའ་རྒྱ་བྲིས་ནས་ཐམ་ག་བཏབ་པའོ། །” དཱ་ནེ་ཨེལ 6:9 (བོད་འགྱུར་གསར་མ།) ↩︎
10མཱ་ཤི་ཀ་ལ་ཕྱག་འཚལ་བ་དང་ཁོང་གི་མཚན་ལ་བརྟེན་ནས་འཛོམས་པ་བཀག་སྡོམ་བྱེད་པ“ངེད་རྒྱལ་སྲིད་ཀྱི་ལྟ་རྟོགས་པ་དང་བཀའ་བློན། སྤྱི་དཔོན། གྲོས་པ། བློན་པོ་བཅས་ཐམས་ཅད་ཀྱིས་མཉམ་དུ་འདི་ལྟར། ཀྱེ་རྒྱལ་པོ་ལགས། ཉིན་ཞག་སུམ་ཅུའི་རིང་ལ་མི་སུ་ཞིག་གིས་རྒྱལ་པོ་ཁྱེད་ཉིད་ལས་གཞན་པའི་ལྷའམ་ཡང་ན་མི་གང་ཡིན་ལ་སྨོན་ལམ་བཏབ་ན་དེ་ནི་སེང་གེ་རྣམས་ཀྱི་དོང་དུ་བསྐྱུར་བའི་ཁྲིམས་ཞིག་བཙུགས་ནས་བཀའ་བཙན་པོ་ཞིག་གཏན་ལ་འབེབས་དགོས་པའི་གྲོས་བཏབ་ཡོད་པས།” དཱ་ནེ་ཨེལ 6:7 (བོད་འགྱུར་གསར་མ།) “དེ་ནས་ཁོང་གཉིས་བོས༌ཏེ། ཡེ་ཤུའི་མིང་ལ་བརྟེན་ནས་མི་གཞན་ལ་ནམ་ཡང་གླེང་མོལ་བྱེད་པའམ་ཆོས་གསུང་མི་ཆོག་པའི་བཀའ་བབས༌པ་རེད།” མཛད་འཕྲིན 4:18 (བོད་འགྱུར་གསར་མ།) “ངེད་ཅག་གིས་ཁྱོད་རྣམས་ལ་མི་དེའི་མིང་ལ་བརྟེན་ནས་མི་གཞན་དག་ལ་ཆོས་མ་བརྗོད་ཅེས་ནན་བཤད་བྱས་ནས་བཀའ་བསྒོས་པ་མ་ཡིན༌ནམ། འོན་ཀྱང་ཁྱོད་རྣམས་ཀྱིས་ཡེ་རུ་སཱ་ལེམ་ཡོངས་ལ་ཁྱོད་ཅག་རང་གི་ཆོས་ཁྱབ་ཏུ་བཅུག༌སྟེ། མི་དེའི་ཁྲག་ལན་ངེད་ཅག་ལ་དགལ་བར་འདོད་ཅེས་སྨྲས་པ༌ལ།” མཛད་འཕྲིན 5:28 (བོད་འགྱུར་གསར་མ།)མི་རྣམས་རང་དབང་ལྡན་པར་གནས་ཐུབ་པའི་ཐབས་ལམ“སྐབས་དེར་ཡེས་ར་ཨེལ་གྱི་ཡུལ་ཐམས་ཅད་དུ་མགར་བ་གཅིག་ཀྱང་མ་རྙེད་དོ། །གང་ལ་ཞེ་ན། ཕེ་ལེ་ཤེད་པས། ཨིབ་རི་པ་རྣམས་གྱིས་རལ་གྲིའམ་མདུང་རྣམས་རང་དོན་དུ་བཟོ་བར་བྱ་བསམ་པའི་ཕྱིར་རོ། ། དེའི་ཕྱིར་ཡེས་ར་ཨེལ་པ་རྣམས་ནི་རང་གི་ཐོང་གཤོལ་ལམ། འཇོར་རམ། སྟ་རེའམ། ཟོར་བ་ལ་ཁ་འཕུད་པའི་ཕྱིར་ཕེ་ལེ་ཤེད་པའི་མདུན་དུ་སོང་། དེ་དུས་གཤོལ་ལྕགས་དང་རྒྱ་ཟོར་ལ་རྣོ་བཏོན་པའི་རིན་གོང་ནི་དངུལ་ཞོ་གཅིག་གི་གསུམ་ཆའི་གཉིས་དང་། སྟ་རེ་དང་ཟོར་བ་ལ་རྣོ་བཏོན་པའི་རིན་གོང་ནི་དངུལ་ཞོ་གཅིག་གི་གསུམ་ཆའི་གཅིག་ཡིན། དེའི་ཕྱིར་དམག་བརྒྱབ་པའི་ཉིན་ལ། སོ་ལོ་དང་དེའི་སྲས་ཡོ་ནཱ་ཐན་གཉིས་དང་མཉམ་དུ་ཡོད་པའི་མི་རྣམས་ཀྱི་ལག་ཏུ་རལ་གྲིའམ་མདུང་མེད་པ་དང་། སོ་ལོ་དང་ཁོང་གི་སྲས་ཡོ་ནཱ་ཐན་ཁོ་ནའི་ལག་ཏུ་ཡོད་པ་རེད།” སཱ་མུ་ཨེལ་དང་པོ 13:19–22 (བོད་འགྱུར་གསར་མ།) “…འོན་ཀྱང་ད་ལྟ་དངུལ་ཁུག་དང་ཁུག་མ་སོགས་ཡོད་ན་ཁྱེར༌དང༌། རལ་གྲི་མེད་པ་རྣམས་ཀྱིས་རང་གི་གྱོན་པ་བཙོངས་ཏེ་རལ་གྲི་ཉོས༌ཤིག” ལོ་ཀུ 22:36 (བོད་འགྱུར་གསར་མ།) “མི་ཞིག་གིས་ཆོམ་རྐུན་ཞིག་འཕྲལ་མར་བཟུང་ཞིང་བརྡུངས་ནས་ཤི་བར་གྱུར་ཚེ། དེའི་ཕྱིར་ཁྲག་ལན་ཁྲག་གིས་འཇལ་མི་དགོས།” ཨེ་ཅིབ་ནས་ཐོན་པ 22:2 (བོད་འགྱུར་གསར་མ།) “ངས་ཞིབ་ལྟ་བྱས་ཏེ་ཡར་ལངས་ནས་སྐུ་དྲག་དང་འགོ་དཔོན། འབངས་མི་རྣམས་ལ་འདི་ལྟར། དེ་དག་ལ་མ་འཇིགས་ཤིག གཙོ་བོ་དཀོན་མཆོག་ནི་ཆེན་པོ་དང་འཇིགས་སུ་རུང་བ་ལགས་པ་དེ་སེམས་ལ་ཟུངས་ཤིག རང་གི་སྤུན་ཟླ་དང་། བུ་དང་བུ་མོ་དང་། ཆུང་མ་དང་ཁྱིམ་ཚང་གི་ཆེད་དུ་འཐབ་འཛིང་བྱོས་ཤིག་ཅེས་སྨྲས་པ་ཡིན།” ནེ་ཧེམ་ཡཱ 4:14 (བོད་འགྱུར་གསར་མ།) “ཡ་ཧུ་དཱ་པ་རྣམས་ཀྱིས་མཁར་གྱང་བརྩིགས་པ་དང་། ཁུར་པོ་འཁུར་མཁན་ཐམས་ཅད་ཀྱིས་ལག་པ་ཡ་གཅིག་གིས་ལས་ཀ་བྱས། ལག་པ་ཡ་གཅིག་གིས་མཚོན་ཆ་བཟུང་བ་ཡིན། རྩིག་མཁན་ཐམས་ཅད་ཀྱིས་རལ་གྲི་རྐེད་པར་བཏགས་ཏེ་བརྩིགས་སོ། །རྭ་དུང་འབུད་མཁན་དེ་ངའི་རྩར་ཡོད་པ་ཡིན།” ནེ་ཧེམ་ཡཱ 4:17–18 (བོད་འགྱུར་གསར་མ།) “…ང་ཡི་བྲག་རི་ཡ་ཝཱེ་བསྟོད་པར་འོས། །ཁོང་གིས་ང་ཡི་ལག་པར་འཐབ་ལུགས༌དང༌། །མཛུབ་མོར་དམག་འཁྲུག་རྒྱག་ཚུལ་བསླབ་པ༌ཡིན…” གསུང་མགུར 144:1 (བོད་འགྱུར་གསར་མ།)སྔ་རབས་ཆོས་ཚོགས“གལ་ཏེ་ནུས་ཀྱང་གྲོགས་པོ་ལ་གནོད་པ་མི་འགོག་མཁན་ནི་གནོད་པ་བཟོ་མཁན་དང་ཉེས་པ་མཚུངས།” (NPNF2 10 ནང་གི་དབྱིན་ཡིག་ལས་བསྒྱུར་བ།) མི་ལཱན་གྱི་ཨམ་བྷོ་རོ་སི (Ambrose of Milan)། ཆོས་ཞབས་པའི་འགན་འཁྲིའི་སྐོར 1.36.179། ཡིག་སྒྱུར་བ H. de Romestin། Nicene and Post-Nicene Fathers ནང་། རིམ་པ་གཉིས་པ། པོད་ 10། རྩོམ་སྒྲིག་པ Philip Schaff དང Henry Wace (New York: Christian Literature Publishing, 1896)། “ཅིའི་ཕྱིར་ཞེ་ན། དམག་འཁྲུག་ནང་རང་གི་ཡུལ་ལུང་ཀླ་ཀློ་ལས་སྲུང་བའམ། ཁྱིམ་དུ་ཉམ་ཆུང་རྣམས་སམ་གྲོགས་པོ་རྣམས་ཇག་པ་ལས་སྐྱོབ་པའི་སྙིང་སྟོབས་ནི་དྲང་བདེན་གྱིས་ཡོངས་སུ་ཁེངས་ཡོད…” (NPNF2 10 ནང་གི་དབྱིན་ཡིག་ལས་བསྒྱུར་བ།) མི་ལཱན་གྱི་ཨམ་བྷོ་རོ་སི (Ambrose of Milan)། ཆོས་ཞབས་པའི་འགན་འཁྲིའི་སྐོར 1.27.129། ཡིག་སྒྱུར་བ H. de Romestin། Nicene and Post-Nicene Fathers ནང་། རིམ་པ་གཉིས་པ། པོད་ 10། རྩོམ་སྒྲིག་པ Philip Schaff དང Henry Wace (New York: Christian Literature Publishing, 1896)། ↩︎
11མཱ་ཏི་པ་དང་ཏ་ཟིག་པ་རྣམས་ཀྱི་འགྱུར་བ་མེད་པའི་ཁྲིམས“ཀྱེ་རྒྱལ་པོ་ལགས། ད་ལྟ་མཱ་ཏི་པ་དང་ཏ་ཟིག་པ་རྣམས་ཀྱི་འགྱུར་བ་མེད་པའི་སྲོལ་ལུགས་དེ་གཞིར་བྱས་ཐོག བཟློག་ཏུ་མེད་པའི་བཀའ་རྒྱ་གཏན་ལ་ཕབ་ནས་ཐམ་ག་འདེབས་པར་མཛོད་ཅེས་ཞུས་པ་ན།” དཱ་ནེ་ཨེལ 6:8 (བོད་འགྱུར་གསར་མ།) “དེ་ནས་མི་དེ་རྣམས་རྒྱལ་པོའི་དྲུང་དུ་འོངས་ཏེ་ན་རེ། ཀྱེ་རྒྱལ་པོ་ལགས། མཱ་ཏི་པ་དང་ཏ་ཟིག་པ་རྣམས་ཀྱི་ཁྲིམས་ལྟར་ན། རྒྱལ་པོས་གཏན་ལ་ཕབ་པའི་བཀའ་དང་ཁྲིམས་ནི་གང་ལའང་འགྱུར་བ་བཏང་མི་ཆོག་པ་དྲན་པར་མཛོད་ཅེས་ཞུས་པ་ལ།” དཱ་ནེ་ཨེལ 6:15 (བོད་འགྱུར་གསར་མ།) “ད་ལྟ་ཁྱོད་གཉིས་ཀྱིས་རང་གི་འདོད་མོས་བཞིན། རྒྱལ་པོ་ངའི་མིང་ལ་བརྟེན་ནས་ཡ་ཧུ་དཱ་པ་རྣམས་ལ་བཀའ་མཆིད་ཕྲིས་ལ། བདག་གི་མཛུབ་དཀྲིས་ཀྱི་ཕྱག་རྒྱ་ཐོབས་ཤིག ཅིའི་ཕྱིར་ཞེ་ན། རྒྱལ་པོའི་མིང་ལ་བརྟེན་ནས་བྲིས་ཤིང་རྒྱལ་པོའི་མཛུབ་དཀྲིས་ཀྱི་ཕྱག་རྒྱ་བཏབ་པའི་བཀའ་ཤོག་ནི་མེད་པར་བཟོ་མི་ནུས་སོ་ཞེས་གསུངས་སོ། །” ཨེས་སི་ཐེར 8:8 (བོད་འགྱུར་གསར་མ།)དཀོན་མཆོག་གིས་ཐམས་ཅད་བསྒྲུབ་སྲིད“ང་ཡི་དཀོན་མཆོག་གིས་ཁོང་གི་ཕོ་ཉ་མངགས་ནས་སེང་གེ་རྣམས་ཀྱི་ཁ་བཀག་པས་བདག་ལ་གནོད་པ་ནི་མ་ཐེབས། གང་ལ་ཞེ་ན། ཁོང་གི་སྤྱན་སྔར་བདག་ལ་ཉེས་པ་མེད་པས་རེད། ཀྱེ་རྒྱལ་པོ་ལགས། ཁྱེད་ཀྱི་དྲུང་དུའང་བདག་གིས་ཉེས་པ་གང་ཡང་བྱས་མེད་ཅེས་སྨྲས་སོ། །” དཱ་ནེ་ཨེལ 6:22 (བོད་འགྱུར་གསར་མ།) “དེའང་རྒྱལ་པོས་ལྗོངས་དང་གྲོང་ཁྱེར་སོ་སོའི་ཡ་ཧུ་དཱ་པ་ཚང་མ་ཉིན་གཅིག་གི་རིང་། ཟླ་བ་བཅུ་གཉིས་པ་སྟེ་ཨ་དཱར་ཟླ་བའི་ཚེས་བཅུ་གསུམ་ལ་འཚོག་དགོས་ཤིང་། རྒྱལ་པོ་ཨ་ཧཱ་ཝེ་རོ་ཡིས་ལྗོངས་སོ་སོར་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་རང་སྲོག་སྐྱོབ་པ་དང་། ལྗོངས་དང་གྲོང་ཁྱེར་སོ་སོའི་ནང་དུ་ཡ་ཧུ་དཱ་པར་རྒོལ་བར་འགྱུར་བའི་དམག་དཔུང་དང་། དེ་དག་གི་བུད་མེད་དང་བུ་ཕྲུག་བཅས་པ་ཚར་གཅོད་པ་དང་། འགུམ་པ་དང་། མེད་པར་བྱེད་པ་དང་། དེ་དག་གི་རྒྱུ་ནོར་འཕྲོག་བཅོམ་བཏང་ཆོག་པའི་དགོངས་འཁྲོལ་གནང་ཡོད་པ་ཡིན་ནོ…” ཨེས་སི་ཐེར 8:11–12 (བོད་འགྱུར་གསར་མ།) “གློ་བུར༌ཉིད་དུ་གཙོ་བོའི་ཕོ་ཉ་ཞིག་མངོན་སུམ་དུ་བྱུང་བ་དང་ཁང་པའི་ནང་དུ་འོད་འཚེར་བར་གྱུར་ཏོ།། དེ་ནས་ཕོ་ཉས་པེ་ཏྲོའི་གཞོགས་ནས་བསྒུལ་ཏེ་ཁོང་གཉིད་ལས་བསླངས་རྗེས་འདི་སྐད༌དུ། མྱུར་དུ་ཡར་ལོངས་ཤིག་ཅེས་གསུངས་པ་དང་ལྕགས་ཐག་རང་ཤུགས་ཀྱིས་ཁོང་གི་ལག་པ་ནས་གྲོལ་ཏོ།། ཡང་ཕོ་ཉས་ཁོང་ལ་སྐེ་རགས་ཆོངས་ཤིག བསིལ་ལྷམ་གྱོན་ཞིག་ཅེས་གསུངས་པ་བཞིན་ཁོང་གིས་ཀྱང་དེ་ལྟར་བྱས། ཡང་ཕོ་ཉས་ཁྱོད་ཀྱིས་ཕྱི་གོས་གྱོན་ནས་ངའི་རྗེས་སུ་ཤོག་ཅིག་ཅེས་གསུངས་སོ།། དེ་ནས་པེ་ཏྲོ་ཕྱི་རུ་བུད་དེ་ཁོང་གི་རྗེས་སུ་འབྲངས༌ནའང༌། ཕོ་ཉས་མཛད་པའི་དོན་དེ་བདེན་པ་ཡིན་པ་མ་ཤེས་པར་ཞལ་གཟིགས་མཐོང་བ་རེད་སྙམ། དེ་ནས་ཁོང་གཉིས་སྲུང་དམག་རིམ་པ་དང་པོ་དང་གཉིས་པ་བརྒལ་ནས་གྲོང་ཁྱེར་དུ་འགྲོ་བའི་ལྕགས་སྒོར་སླེབས་པ་དང་སྒོ་ཆེན་དེ་ཡང་རང་ཤུགས་ཀྱིས་ཕྱེས༌ཤིང༌། ཁོང་གཉིས་ཕྱི་རོལ་ཏུ་བུད་དེ་སྲང་ལམ་ཞིག་ཏུ་འགྲོ་བ་ན་ཕོ་ཉ་དེ་ཁོང་དང་བྲལ་ནས་སོང་ངོ་།།” མཛད་འཕྲིན 12:7–10 (བོད་འགྱུར་གསར་མ།) “རྒྱུ་མཚན་ནི་དཀོན་མཆོག་ལ་མི་འགྲུབ་བྱ་བ་ཅི་ཡང་མེད་པའི་ཕྱིར་ཡིན་ཞེས་གསུངས་སོ།།” ལོ་ཀུ 1:37 (བོད་འགྱུར་གསར་མ།) “…དེ་ནི་མི་ཡིས་མི་ནུས་ཀྱང་དཀོན་མཆོག་གིས་ཐམས་ཅད་བསྒྲུབ་སྲིད…” མད་ཐཱ 19:26 (བོད་འགྱུར་གསར་མ།) ↩︎
12གསོལ་འདེབས“གལ་ཏེ་བདག་གི་མིང་གིས་འབོད་པའི་འབངས་མི་འདིས་ཁེངས་སྐྱུང་གིས་གསོལ་བ་འདེབས་པ་དང་། བདག་གི་ངོ་གདོང་འཚོལ་ཞིང་སྤྱོད་ངན་ཀུན་ལས་ལོག་འོངས་ན། བདག་གིས་ནམ་མཁའ་ནས་མཉན་ཏེ་ཁོ་རྣམས་ཀྱི་སྡིག་པ་བསལ་ཞིང་ཁོ་རྣམས་ཀྱི་ཡུལ་ཁམས་གསོ་བར་བྱ།” སྔོན་རབས་གཉིས་པ 7:14 (བོད་འགྱུར་གསར་མ།) “རྒྱུན་ཆད་མེད་པར་གསོལ་བ་ཐོབས།” ཐེ་སཱ་ལོ་ནེ་ཀེ་པ་དང་པོ 5:17 (བོད་འགྱུར་གསར་མ།) “དེ་བས་ཁྱོད་ཅག་གིས་རང་རང་གི་སྡིག་ཉེས་ཕན་ཚུན་ལ་ཁས་ལེན་ཞིང༌། ཕན་ཚུན་གྱི་ཆེད་དུ་དཀོན་མཆོག་ལ་གསོལ་བ་བཏབ་ན་ཁྱོད་རྣམས་སོས་པར༌འགྱུར། མི་གཞུང་དྲང་གི་སྨོན་ལམ་ལ་ཕན་ནུས་ཆེན་པོ་ལྡན༌ནོ།།” ཡ་ཀོབ 5:16 (བོད་འགྱུར་གསར་མ།) “ཡང་སྐྱབས་མགོན་ཡེ་ཤུས་ཁོ་རྣམས་ལ་ཡིད་མི་ཕམ་པར་དུས་རྟག་ཏུ་གསོལ་བ་འདེབས་དགོས་པའི་ཆེད་དུ་དཔེ་ཞིག་གསུངས་པ་འདི་ལྟ༌སྟེ…” ལོ་ཀུ 18:1 (བོད་འགྱུར་གསར་མ།) “ཁྱོད་ཅག་ཉམས་ཚོད་ཀྱི་འོག་ཏུ་མི་འཚུད་པའི་ཕྱིར་དོགས་ཟོན་བྱས་ནས་གསོལ་བ་ཐོབས༌ཤིག ཁྱོད་ཅག་གི་སེམས་སུ་དེ་ལྟར་བྱ་བསམ་ཡང་ལུས་སྟོབས་ཞན་པ་ཡིན…” མད་ཐཱ 26:41 (བོད་འགྱུར་གསར་མ།)ལྷན་དུ་འཛོམས་པ“ཡང་བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་པ་དང་ལས་བཟང་པོའི་ཕྱོགས་སུ་ཅི་ལྟར་བསྐུལ་བར་བསམ་བློ་གཏོང་བར་བྱའོ།། མི་ཁ་ཤས་ལྷན་དུ་མི་འཚོགས་པར་གོམས་པ་བཞིན། བདག་ཅག་གིས་འདུ་ཚོགས་ཀྱི་མཚམས་གཅོད་མི་རུང་སྟེ། ཁྱོད་ཅག་གིས་ཉིན་མོ་དེ་ཉེ་བར་སླེབས་པ་ཤེས་པ་བཞིན། ལྷག་ཏུ་ཕན་ཚུན་ལ་སྐུལ་སློང་བྱ་དགོས༌སོ།།” ཨིབ་རི་པ 10:24–25 (བོད་འགྱུར་གསར་མ།) “ཡང་དེ་རྣམས་ཀྱིས་སྙིང་རུས་བསྐྱེད་ནས་རྟག་ཏུ་སྐུ་ཚབ་པ་རྣམས་ཀྱི་ཆོས་བསླབ་པ་དང༌། ཕན་ཚུན་ལ་འབྲེལ་འདྲིས་བྱས་པ༌དང༌། བག་ལེབ་ལོངས་སུ་སྤྱད༌ཅིང་། གསོལ་བ་བཏབ་ནས་བསྡད་དོ།།” མཛད་འཕྲིན 2:42 (བོད་འགྱུར་གསར་མ།) “ད་དུང་ཁོ་རྣམས་ཀྱིས་ཉིན་རེ་བཞིན་བློ་སེམས་གཅིག་མཐུན་ངང་མཆོད་ཁང་དུ་འཛོམས་པ༌དང༌། ཁྱིམ་གང་དུའང་བག་ལེབ་ལོངས་སུ་སྤྱད༌ཅིང་། དགའ་སྤྲོ་དང་གཞུང་དྲང་གི་སེམས་བཅངས་ནས་མཉམ་དུ་ཟས་སྤྱད༌པ་དང་། དཀོན་མཆོག་ལ་བསྟོད་ཅིང་བསྔགས་པ་དང་མི་ཐམས་ཅད་ཀྱང་ཁོ་རྣམས་ལ་དགའ་བར༌གྱུར། གཙོ་བོས་ཀྱང་ཉིན་རེ་བཞིན་ཁོང་གིས་བསྐྱབས་པ་རྣམས་དད་ལྡན་གྱི་གྲས་སུ་ཞུགས་པར་མཛད༌དོ།།” མཛད་འཕྲིན 2:46–47 (བོད་འགྱུར་གསར་མ།) “རྒྱུ་མཚན་ནི་གནས་གང་རུང་དུ་མི་གཉིས་ནས་གསུམ་ཙམ་བདག་གི་མིང་ལ་བརྟེན་ནས་ལྷན་འཛོམས་བྱུང༌ན། ང་རང་ཡང་དེ་དག་གི་ཁྲོད་དུ་སྡོད་པ་ཡིན…” མད་ཐཱ 18:20 (བོད་འགྱུར་གསར་མ།)དཀོན་མཆོག་ལ་ཞབས་ཏོག“གལ་ཏེ་ཁྱོད་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་པ་ནི་མི་ལེགས་པར་འདོད་ན། ཁྱོད་ཅག་གི་མེས་པོ་རྣམས་ཀྱིས་གཙང་པོའི་ཕ་རོལ་ཏུ་བསྙེན་བཀུར་བྱས་པའི་ལྷའམ་ཁྱོད་རྣམས་སྡོད་སའི་ཡུལ་འདི་ཡི་ཨེ་མོར་པའི་ལྷ་རྣམས་ལས་དེ་རིང་བསྙེན་བཀུར་བྱེད་ཡུལ་འདེམས་ཆོག་པ་ཡིན། ང་དང་ངའི་ཁྱིམ་ལ་མཚོན་ན་ངེད་ཅག་གིས་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་ངེས་ཡིན་ཞེས་སྨྲས།” ཡོ་ཤུ་ཨ 24:15 (བོད་འགྱུར་གསར་མ།) “སྤུན་ཟླ༌རྣམས། དེ་ལྟར་ཡིན་པས། ངས་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་ཁྱོད་རྣམས་ལ་བསྐུལ་བར་བྱ༌སྟེ། ཁྱོད་ཅག་གིས་རང་གི་ལུས་པོ་ནི་གསོན་མཆོད་དུ་ཕུལ༌ཞིག དེ་ནི་དམ་པ་ཡིན་ཞིང་དཀོན་མཆོག་ཐུགས་མཉེས༌པ་དང་། ཁྱོད་ཅག་གི་སེམས་ཉིད་ཀྱི་བསྙེན་བཀུར་ཡིན་ནོ།།” རོ་མཱ་པ 12:1 (བོད་འགྱུར་གསར་མ།) “ཁྱོད་རྣམས་ཀྱིས་དོན་གང་ཞིག་སྒྲུབ་ཀྱང་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས༌ཤིང༌། དེ་ནི་མི་གཞན་གྱི་ཆེད་དུ་མ་ཡིན་པར་གཙོ་བོའི་ཆེད་དུ་སྒྲུབ་པ་བཞིན་ཡིན་དགོས། ཅིའི་ཕྱིར་ཞེ་ན། གཙོ་བོ་ནས་བགོ་སྐལ་གྱི་བྱ་དགའ་ཁྱོད་ཅག་ལ་འཐོབ་ངེས་པ་ཁྱོད་རྣམས་ཀྱིས་ཀྱང་ཤེས་པའི་ཕྱིར༌ཡིན། ཁྱོད་རྣམས་ཀྱིས་བསྙེན་བཀུར་བྱེད་པ་ནི་གཙོ་བོ་མཱ་ཤི་ཀ་ལགས་སོ།།” ཀོ་ལོ་སཱ་པ 3:23–24 (བོད་འགྱུར་གསར་མ།)མཐུན་སྒྲིལ་གྱིས་མཉམ་དུ་བརྟན་པོར་གནས་པ“ཁྱོད་ཅག་གི་སྤྱོད་ལམ་ནི་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་དང་མཐུན་པར༌གྱིས། དེ་ནི་ང་རང་ཁྱོད་ཅག་གི་གམ་དུ་ཡོང༌བའམ། ཡང་ན་ཁྱོད་ཅག་གི་གམ་དུ་མེད་པ་གང་ཡིན་ཡང་ཁྱོད་ཅག་གི་གནས་ཚུལ་ཐོས༌ཤིང༌། ཁྱོད་ཅག་ལ་དམིགས་ཡུལ་གཅིག་མཚུངས་ཡོད་པ་དང་བརྟན་པོར་གནས་པར་བྱས༌ཏེ། བདག་ཅག་གིས་འཕྲིན་བཟང་གི་དད་པའི་ཆེད༌དུ། བློ་སེམས་རྩེ་གཅིག་གིས་ཧུར་བརྩོན་བྱེད་བཞིན་པའང་བདག་གིས་ཤེས་པར་འགྱུར་བའི་ཕྱིར༌ཡིན…” ཕི་ལིབ་པི་པ 1:27 (བོད་འགྱུར་གསར་མ།) “༼ཡར་གནས་མཇལ་དུ་འགྲོ་བའི་དཱ་བིད་ཀྱི་མགུར༌མ།༽ ལྟོས་དང་ཁྱོད་ཅག་སྤུན་ཟླ་རྣམས་ནི་མཐུན་སྒྲིལ༌ངང༌། །མཉམ་དུ་སྡོད་པ་ཇི་འདྲའི་མཛེས་ཤིང་སྐྱིད་པ༌ལ།།” གསུང་མགུར 133:1 (བོད་འགྱུར་གསར་མ།) “འགྲིག་པོ་མཐུན་པོ་ཡོང་བའི་སྒོ་ནས། དམ་པའི་ཐུགས་ཉིད་ཀྱིས་གནང་བའི་གཅིག་མཐུན་གྱི་སེམས་པ་དེ་དམ་པོར་བསྲུང་དགོས༌ཏེ། ཁྱོད་རྣམས་རེ་བ་གཅིག་གི་ནང་དུ་ཞལ་འབོད་གནང་བ༌ལྟར། སྐུ་ལུས་གཅིག༌དང༌། དམ་པའི་ཐུགས་ཉིད༌གཅིག གཙོ་བོ་གཅིག དད་པ༌གཅིག ཁྲུས་གསོལ་གཅིག་བཅས༌དང༌། དཀོན་མཆོག་གཅིག་སྟེ་ཐམས་ཅད་ཀྱི་ཡབ་ནི་མཐའ་དག་ལས་ཁྱད་དུ་འཕགས༌ཤིང༌། ཐམས་ཅད་ཀྱི་ཁྲོད་དུ་བརྒྱུད༌པ། ཐམས་ཅད་ཀྱི་ནང་དུ་བཞུགས་པ་བཅས་ཡིན་པའི་ཕྱིར༌རོ།།” ཨེ་ཕེ་སི་པ 4:3–6 (བོད་འགྱུར་གསར་མ།) “…ངས་འདི་རྣམས་ཁོ་ནའི་ཆེད་དུ་གསོལ་བ་མི་འདེབས་པར་ཁོ་རྣམས་ཀྱིས་སྤེལ་བའི་ཆོས་ལ་མཉན་ནས་བདག་ལ་དད་པ་བྱེད་མཁན་ཐམས་ཅད་ཀྱི་དོན་དུའང་གསོལ་བ་འདེབས༌པ་ཡིན། འཇིག་རྟེན་གྱི་མི་རྣམས་ཀྱིས་ང་རང་ནི་ཁྱེད་ཀྱིས་མངགས་པ་ཡིན་པར་ཡིད་ཆེས་པའི༌ཕྱིར། ཡབ་ལགས། ཁྱེད་རང་ནི་ངའི་ནང་དུ་གནས་ཤིང་བདག་ཀྱང་ཁྱེད་ཀྱི་ནང་དུ་གནས་པ༌བཞིན། དད་པ་དང་ལྡན་པ་ཐམས་ཅད་ངོ་བོ་གཅིག་ཏུ་འགྱུར་བ་དང་དེ་རྣམས་ཀྱང་འུ་གཉིས་ཀྱི་ནང་དུ་གནས་པར༌ཞུའོ།།” ཡོ་ཧ་ནན 17:20–21 (བོད་འགྱུར་གསར་མ།)ནམ་མཁའི་ཞིང་ཁམས་ཀྱི་འབངས་མི། འཇིག་རྟེན་འདིའི་མགྲོན་པོ“འོན༌ཀྱང༌། བདག་ཅག་ནི་ནམ་མཁའི་ཞིང་ཁམས་ཀྱི་འབངས་མི་ཡིན༌ལ། ཡང་སྐྱབས་མགོན་ཏེ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་ཡོང་བར་རེ་བ་ཆེན་པོས་སྒུག༌པ་ཡིན…” ཕི་ལིབ་པི་པ 3:20 (བོད་འགྱུར་གསར་མ།) “མི་དེ་ཐམས་ཅད་དད་སེམས་བཅངས་ནས་ཚེ་ལས་འདས་ཤིང་ཞལ་བཞེས་རྣམས་ཀྱང་མ་ཐོབ་མོད། འོན་ཀྱང་རྒྱང་རིང་ནས་ཞལ་བཞེས་མཐོང་ཞིང་དགའ་སྤྲོའི་ངང་བསུ་བ་བྱས་པ༌དང༌། རང་ཉིད་ནི་འཇིག་རྟེན་གྱི་མགྲོན་པོ་ཡིན་པ་དང་འཇིག་རྟེན་དུ་བྱེས་སུ་ཡོང་བའང་ཁས་བླངས་པའོ།།” ཨིབ་རི་པ 11:13 (བོད་འགྱུར་གསར་མ།) “སྙིང་ཉེ་བའི་སྤུན་ཟླ༌རྣམས། ཁྱོད་རྣམས་ནི་མགྲོན་པོ་དང་ཕྱི་མི་ཡིན་པ༌བཞིན། བདག་གིས་ཁྱོད་རྣམས་ལ་ཤ་གཟུགས་ཀྱི་འདོད་ཆགས་སྤང་བར་བསྐུལ༌བར་བྱའོ།། འདོད་ཆགས་ཀྱིས་སེམས་ལ་རྒོལ་བ་ཡིན་ནོ…” པེ་ཏྲོ་དང་པོ 2:11 (བོད་འགྱུར་གསར་མ།) “དེའི༌ཕྱིར། ད་ལྟ་ཁྱོད་ཅག་ཐམས་ཅད་ནི་ཕྱི་མི་དང་མགྲོན་པོ་མ་ཡིན༌པར། དཀོན་མཆོག་གི་དད་ལྡན་དམ་པ་དང་ཡུལ་ཕྱོགས་མཚུངས༌ཤིང༌། དཀོན་མཆོག་གི་ཁྱིམ་གཞིས་ལ་གཏོགས་པའི་མི་ཡིན་པ༌དང༌…” ཨེ་ཕེ་སི་པ 2:19 (བོད་འགྱུར་གསར་མ།) “ངས་ཁྱེད་ཀྱི་བཀའ་ཁོ་རྣམས་ལ་བསྩལ་ཅིང་འཇིག་རྟེན་གྱི་མི་དག་ཁོ་རྣམས་ལ༌སྡང༌། རྒྱུ་མཚན་ནི་ང་རང་འཇིག་རྟེན་ལ་མི་གཏོགས་པ༌བཞིན། ཁོ་རྣམས་ཀྱང་འཇིག་རྟེན་ལ་མི་གཏོགས་པའི་ཕྱིར༌རོ།། ཁོ་རྣམས་འཇིག་རྟེན་ནས་འདྲེན་པའི་ཕྱིར་ངས་ཁྱེད་ལ་གསོལ་བ་མི་འདེབས༌པར། ཁྱེད་ཀྱིས་ཁོ་རྣམས་བདུད་ངན་དེ་ལས་བསྲུང་ཞིང་སྐྱོབ་པའི་ཕྱིར་གསོལ་བ་འདེབས༌པ་ཡིན། ང་རང་འཇིག་རྟེན་ལ་མི་གཏོགས་པ་བཞིན་ཁོ་རྣམས་ཀྱང་འཇིག་རྟེན་ལ་མི་གཏོགས་སོ།།” ཡོ་ཧ་ནན 17:14–16 (བོད་འགྱུར་གསར་མ།)དད་པའི་འཐབ་འཛིང་བཟང་པོ“ཁྱོད་ཀྱིས་དད་པའི་ཆེད་དུ་འཐབ་འཛིང་བཟང་པོ་བྱེད་པ་དང་། མཐའ་མེད་པའི་ཚེ་སྲོག་ཀྱང་གཟུང་བར་གྱིས་ཤིག ཁྱོད་ནི་དེའི་ཆེད་དུ་ཞལ་འབོད་གནང་བ༌དང༌། ཁྱོད་ཀྱིས་ཀྱང་དཔང་པོ་བྱེད་མཁན་མང་པོའི་ཁྲོད་ནས་བདེན་དཔང་བཟང་པོ་བྱས་མྱོང༌བ་ཡིན།” ཐི་མོ་ཐེ་དང་པོ 6:12 (བོད་འགྱུར་གསར་མ།) “བདག་གིས་འཐབ་འཛིང་བཟང་པོ་ནི་བརྒྱབ༌ཟིན། རྒྱུག་དགོས་པའི་ལམ་ཡང་བརྒྱུགས༌ཟིན། དད་པའང་རྟག་ཏུ་བསྲུངས༌པའོ…” ཐི་མོ་ཐེ་གཉིས་པ 4:7 (བོད་འགྱུར་གསར་མ།) “སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། ངས་རང་རེའི་ཐུན་མོང་གི་ཐར་པ་སྐོར་གྱི་གཏམ་ཁྱོད་ཅག་ལ་འབྲི་བར་ནན་གྱིས་བརྩོན་ཅིང་། སྔར་ལན་གཅིག་དད་ལྡན་དམ་པ་རྣམས་ལ་གཏད་པའི་དད་པའི་ཕྱིར་བརྩོན་པ་ལྷོད་མེད་བྱེད་ཆེད། ད་ལྟ་ཅི་ནས་ཀྱང་ཁྱོད་ཅག་ལ་འཕྲིན་ཡིག་བྲིས་ནས་སྐུལ་མ་གཏོང་དགོས་བྱུང་ངོ་།།” ཡ་ཧུ་དཱ 3 (བོད་འགྱུར་གསར་མ།)སྔ་རབས་ཆོས་ཚོགས“ཁོ་ཚོ་རང་གི་ཡུལ་ལུང་དུ་གནས་ཀྱང་མགྲོན་པོ་ཙམ་གྱི་ཚུལ་དུ་གནས། མི་དམངས་ཀྱི་ཆ་ནས་ཁོ་ཚོས་གཞན་དང་དོན་ཐམས་ཅད་མཉམ་སྤྱོད་བྱེད་ཀྱང་ཕྱི་མི་ལྟར་དོན་ཐམས་ཅད་ལ་བཟོད། ཕྱི་ཡུལ་ཐམས་ཅད་ཁོ་ཚོར་ཕ་ཡུལ་ལྟ་བུ་དང་། སྐྱེས་ཡུལ་ཐམས་ཅད་ཕྱི་མིའི་ཡུལ་ལྟ་བུ་ཡིན། ཁོ་ཚོས་ [མི་གཞན་] ཚང་མ་བཞིན་གཉེན་སྒྲིག་བྱེད། བུ་ཕྲུག་སྐྱེད་ཀྱང་རང་གི་བུ་ཕྲུག་འཇིག་པར་མི་བྱེད། ཁོ་ཚོར་ཟ་ཅོག་མཉམ་སྤྱོད་ཡོད་ཀྱང་མལ་ས་མཉམ་སྤྱོད་མེད། ཁོ་ཚོ་ཤ་ཁྲག་གི་ཕུང་བོར་གནས་ཀྱང་ཤ་ཁྲག་གི་འདོད་པ་ལྟར་མི་འཚོ། ཁོ་ཚོས་ས་སྟེང་དུ་ཉིན་ཞག་འདའ་ཡང་ནམ་མཁའི་ཞིང་ཁམས་ཀྱི་འབངས་མི་ཡིན།” (ANF 1 ནང་གི་དབྱིན་ཡིག་ལས་བསྒྱུར་བ།) ཌི་ཡོག་ནེ་ཊུ་སི་ལ་སྤྲིངས་པའི་འཕྲིན་ཡིག (The Epistle to Diognetus)། ལེའུ་ 5། The Ante-Nicene Fathers ནང་། རྩོམ་སྒྲིག་པ Alexander Roberts དང James Donaldson། པོད་ 1 (Buffalo, NY: Christian Literature Publishing, 1885)། “དེས་ན་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཁོང་གི་བསྟོད་བསྔགས་མངོན་པར་བྱེད་པའི་ཕྱིར་རྒྱུན་དུ་ལྷན་དུ་འཛོམས་པར་དོ་སྣང་གྱིས། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ས་ཆ་གཅིག་ཏུ་རྒྱུན་དུ་འཛོམས་པའི་ཚེ་བདུད་སཱ་ཏན་གྱི་མཐུ་སྟོབས་རྣམས་འཇིག་པར་འགྱུར…” (ANF 1 ནང་གི་དབྱིན་ཡིག་ལས་བསྒྱུར་བ།) ཨན་ཏི་ཡོག་ཡཱའི་ཨིག་ནེ་ཤི་ཡུ་སི (Ignatius of Antioch)། ཨེ་ཕེ་སི་པ་ལ་སྤྲིངས་པའི་འཕྲིན་ཡིག། ལེའུ་ 13། The Ante-Nicene Fathers ནང་། རྩོམ་སྒྲིག་པ Alexander Roberts དང James Donaldson། པོད་ 1 (Buffalo, NY: Christian Literature Publishing, 1885)། ↩︎
ཤོག་ངོས་འདིར་དྲངས་པའི་བོད་ཡིག་གི་གསུང་རབ་ཀྱི་ལུང་ཚིག་ཐམས་ཅད་ནི་ དམ་པའི་གསུང་རབ་བོད་འགྱུར་གསར་མ། (New Tibetan Bible; © 2016–2023 New Tibetan Bible Translation Committee) ལས་ཚིག་དང་ཚེག་ཤད་གང་ཡང་མ་བསྒྱུར་བར་དྲངས་པ་ཡིན། དེ་ནི་ CC BY-NC-ND 4.0 ཆོག་མཆན་གྱི་ཆ་རྐྱེན་ལྟར་ཁེ་ཕན་མེད་པར་བེད་སྤྱོད་བྱས་པ་ཡིན། ཁུངས་ནི་ ebible.org/bodn ཡིན། བོར་བའི་ཆ་ཤས་རྣམས་ཚེག་གསུམ་ (…) གྱིས་མཚོན་ཡོད།
The Holy Bible in Modern Literary Tibetan, New Tibetan Bible translation: དམ་པའི་གསུང་རབ་བོད་འགྱུར་གསར་མ།
copyright © 2016-2023 New Tibetan Bible Translation Committee
Contributor: Wycliffe Bible Translators, Inc.
"New Tibetan Bible" is a trademark of the New Tibetan Bible Translation Committee.
This translation is made available to you under the terms of the Creative Commons Attribution-Noncommercial-No Derivatives license 4.0.